Best wishes to His Holiness Je Khenpo on his 25th anniversary

On the 25th anniversary of His Holiness the 70th Je Khempo Trulku Jigme Choeda, Rinpoche and the whole Monastic community would like to express their best wishes.
༄༅།  སྨན་ལྗོངས་ཆོས་ཀྱི་གསེར་འོད།             རྩོམ་པ་པོ་སྟང་རིན་པོ་ཆེ།                                
༡༽ ཡིད་འོང་བྱིན་ཆགས་སྨན་གྱི་ལྗོངས་ན་སྤྱི་མཐུན་ལེགས་བྱས་དཀར་པོའི་གཟིས།།  ཕུན་ཚོགས་ཆོ་འབྲང་ནོར་བུའི་གྲུ་ཆར་བརྒྱུད་མར་འབེབས་པའི་གླིང་ག་རུ།།  ཁམས་བཟང་དཔག་བསམ་ཤིང་ཆེན་རྒྱས་དང་གཡང་ལུག་དཀར་པོ་བསྡེབས་པའི་ལོར།།  དྲི་མེད་མཚན་དཔེའི་ཉི་གཞོན་གསར་བའི་གསེར་འོད་ཞིང་འདིའི་རྒྱན་དུ་ཤར།།                                                       ༢༽  བལྟ་བས་མི་ངོམས་མཛེས་སྐུའི་ལང་ཚོར་ཞི་དུལ་ཡོན་ཏན་ལྷན་དུ་སྐྱེས།།  དད་བརྩོན་དྲན་ཏིང་ཤེས་རབ་དབང་པོས་རྣམ་བྱང་ཆོས་རྣམས་ཐུགས་སུ་ཆུབ།།  འཆད་རྩོད་རྩོམ་པའི་གླུ་དབྱངས་སྙན་མོས་སྲས་བཅས་རྒྱལ་བར་དགྱེས་སྤྲིན་སྤེལ།།  འཇིགས་མེད་ཆོས་ཀྱི་གྲགས་དཀར་སྙན་པོ་ལྷོ་ལྗོངས་ལྷ་མའི་རྣ་ཆར་མཆེད།།                                          ༣༽  གང་ཚེ་མེ་བྱི་དབང་གི་ལོ་ཟླ་ཞག་དུས་བདུད་རྩི་ཐུན་མཚམས་སྐབས།།  མཁས་གྲུབ་ཀླུ་དབང་སྟོང་གི་བསྟི་གནས་སྤུངས་ཐང་བདེ་ཆེན་ཞིང་གི་དབུས།།  ཁམས་གསུམ་ཟིལ་གནོན་གསེར་གྱི་ཁྲི་ལ་ཞབས་ཟུང་འཁོར་ལོའི་རེ་ཁཱ་བཀོད།།  ལྷོ་འབྲུག་ཆོས་ཀྱི་རྒྱལ་མཚན་མཐོན་པོ་མཆོད་སྦྱིན་ཕྱག་རྒྱའི་རྒྱན་དུ་བཞེས།།                    
༤༽  དྭངས་གཙང་མཁྱེན་བརྩེའི་འོད་ཞགས་རིང་པོས་ས་གསུམ་འགྲོ་ལ་ས་ལམ་བསྟན།།  བརྟུལ་ཞུགས་ནུས་མཐུ་མཚོན་ཆེན་རྣོན་པོས་བདག་འཛིན་བདག་མེད་དབྱིངས་སྒྲོལ་བའི།།  མཁན་རབས་རིན་ཆེན་ནོར་བུའི་ཕྲེང་བ་ཚར་དུ་དངར་བའི་བདུན་ཅུ་པ།།  རྒྱུ་སྐར་ཁྲོད་ན་རི་བོང་འཛིན་བཞིན་རྟོགས་བརྗོད་རྒྱ་མཚོའི་འཇིངས་ན་འཕགས།།                                         ༥༽  མཐུ་ཆེན་བདུད་འཇོམས་རྡོ་རྗེའི་གར་གྱིས་བདུད་སྲིན་དམ་སྲིའི་སྙིང་ཁམས་བསྙིལ།།  རྫོགས་ལྡན་རྩེ་དགའ་གསར་བའི་ཡོ་ལང་རྗེས་འཇུག་གདུལ་བྱའི་དཔལ་ཁར་བཀྲམ།།  ངེས་དོན་རྒྱལ་བའི་རྒྱལ་ཚབ་ཁྱེད་ཞེས་རྒྱལ་འབངས་གཞུང་དང་ལས་སྡེ་བཅས།།  ཕུན་ཚོགས་སྡེ་བཞིའི་སྟོན་མོར་རོལ་ཞིང་ཕྱོགས་ལས་རྣམ་རྒྱལ་རྒྱལ་རྔ་བརྡུངས།།                                            ༦༽  གནས་དུས་སྟོན་འཁོར་ཆོས་ལྔའི་བཀོད་པ་མི་ཟད་རྒྱན་གྱི་འཁོར་ལོ་དེར།།  དབང་ཕྱུག་ས་ཡི་ཚངས་ཆེན་ཡབ་སྲས་ལྷ་བཙུན་སྐུ་འཁོར་སྤྲུལ་བའི་འབངས།།  ཉི་ཟླ་སྐར་གསུམ་ནོར་བུའི་ལྷུན་པོར་དུས་གཅིག་འཆར་བ་དང་མཚུངས་ཤིང་།  མཁའ་དང་ས་ལ་སྤྱོད་པའི་འདུ་བ་རྡུལ་སྙེད་རྒྱལ་བའི་དཀྱིལ་འཁོར་བཞིན།།                                                 ༧༽  དེ་ཚེ་ཁོ་བོའི་རིགས་བདག་བླ་མའི་དགོངས་རྒྱུད་གཅིག་པའི་ཟློས་གར་མཇལ།།  མི་དབང་ཆེ་དགུའི་དགྱེས་སྤྱན་འོག་ནས་མགྲོན་ཐབས་གཅིག་ཏུ་ཚོགས་ལ་རོལ།།  སྐལ་བཟང་དེ་ནི་བདག་ལ་ལྟོས་ན་འབྲུག་ལ་ཐོན་ཉིན་དང་པོ་སྟེ།།  མ་བསྒྲིགས་ཐོག་མའི་རྟེན་འབྲེལ་དེ་ཡང་རྗེ་ཁྱོད་ཐུགས་རྗེས་བདག་རྐྱེན་ཉིད།།                                                    ༨༽  རྒྱང་བཞུད་དུས་ཀྱི་ཁུག་པ་དེ་ནས་དེ་རིང་དཔལ་གྱི་ཉི་མའི་བར།།  གྲངས་མང་མཐའ་དང་བསྐལ་མང་ཡུན་སོགས་བྱ་དཀའི་སྤྱོད་པར་དགྱེས་རོལ་ནས།།  ཆེར་སྙིགས་དུས་ཀྱི་རྒུད་ཚོགས་ཀུན་ལ་མི་འཇིགས་དཔའ་བོའི་རང་གཤིས་བསྟན།།  ཉམ་ཆུང་འདུ་བ་འཁྲུགས་པས་མནར་ལ་མི་འཆི་སྨན་གྱི་མཁོ་ཆས་སྩལ།།                                                  ༩༽  ཕྱོགས་ལྷུང་གདོན་གྱིས་སྙིང་ཁམས་མྱོས་རྣམས་སྙིང་རྗེའི་མཐུ་ཡིས་ཞི་བར་བྱས།།  སྤོང་ཀློག་ལས་བཅས་འཁོར་ལོ་གསུམ་གྱིས་དཀར་འཇམ་བསྟན་པའི་གཞི་མ་བསྟངས།།  སྲིད་ན་མངོན་འཕགས་གནམ་གྱི་ང་རོའི་རྒྱལ་ཁྲིམས་དམངས་གཙོའི་འགལ་རྐྱེན་བཟློག  སྟོབས་ཀྱི་འཁོར་སྒྱུར་མི་དབང་ལྔ་པ་ལྷ་མིའི་མགོན་དུ་མངའ་གསོལ་མཛད།།                            
༡༠༽  རྒྱལ་བཙུན་རིན་ཆེན་སྐྱེ་རྒུའི་བདག་མོ་རྒྱལ་ཐབས་སྡེ་བཞིའི་ཁྲི་ལ་མཤམས།།  རྒྱལ་བརྒྱུད་མྱུ་གུ་གསར་བའི་ནོར་བུ་མི་ནུབ་རྒྱལ་མཚན་རྩེ་རུ་ཕྱར།།  རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཉི་མ་རྒྱལ་སྤྱིའི་ས་སྒང་ཧྲིལ་བོར་བསྒྲོན།།  རྒྱལ་ཀུན་དགྱེས་པའི་མཛད་བཟང་འདི་དག་རྒྱལ་བསྟན་རྒྱས་ཕྱིར་ཁུར་དུ་བཞེས།                                                                   ༡༡༽  སེམས་ཁམས་གསོ་བའི་གདམས་ངག་རེ་རེས་ཁྲི་འབུམ་སེམས་ཀྱི་ཟུག་རྔུ་བསལ།།  དམིགས་མེད་བརྩེ་ཆེན་སྐྱབས་སྦྱིན་ཕྱག་གིས་ཉམ་ཐག་སྲོག་ལ་ལྷིང་འཇགས་སྦྱིན།།  སྨིན་གྲོལ་ཆོས་ཀྱི་བདུད་རྩི་མངར་མོས་རིས་མེད་འགྲོ་ལ་དབུག་དབྱུང་གནང་།  ཡིད་བཞིན་དངོས་གྲུབ་གཏེར་གྱི་འབྱུང་གནས་ཁྱོད་མིན་ཁྱོད་འདྲ་གང་དུ་མཆིས།།                                                     ༡༢༽  བག་འཁུམ་རང་མཐོང་གཅིག་གྱུར་མིན་པའི་ལྟ་ངན་ཚེར་མའི་རིགས་སྤང་ཞིང་།  མཚོ་སྐྱེས་བླ་མའི་བྱིན་འོད་ཀྱིས་བསུས་ཞི་བདེའི་སྨན་ཚལ་སྟུག་པོ་འདིར།།  གསར་བྱུང་ཞོགས་པའི་ཉི་ཟེར་ཇི་བཞིན་ད་དུང་བསྐལ་བ་རྒྱ་མཚོ་རུ།།  མི་ནུབ་སྐུ་ཡི་འོད་སྣང་འཇམ་པོས་བདག་ཅག་ལྟོས་བཅས་སྐྱོང་གྱུར་ཅིག                                                  ཅེས་ཤོ་ལོ་ཀ་གསུང་རབ་ཡལ་ལག་བཅུ་གཉིས་ཀྱི་གྲངས་ལྡན་འདི་ནི།  འབྲུག་ཆོས་རྗེ་མཁན་ཆེན་རྡོ་རྗེ་འཆང་དབང་ཁྲི་རབས་བདུན་ཅུ་པ་ ༧ དཔལ་འཇིགས་མེད་ཆོས་ཀྱི་གྲགས་པ་མཆོག་ཁྲི་ལོ་ཉེར་ལྔར་ཕེབས་པའི་དུས་དྲན་དུ།  བུམ་ཐང་ཆོས་སྡེ་སྤུངས་འདུས་སྤྱི་ནས་ཕུལ་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག